09 ཟླ09པ།

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

    སྤེལ་དུས།  2019-09-09 13:15:16     

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

གྱེར་ཚིག་རྩོམ་པ་པོ། གཡག་གྲུ་གཟིངས།

གྱེར་འདོན་པ།  བཀྲ་ཤིས་དབང་ཕྱུག དབྱངས་ཅན།

ཕོ།

དགེ་རྒན་ལགས།  

ཐོག་མར་ངས་ཁྱེད་ལ་རྟེན་འབྲེལ་ཞུས་ཡོད།

ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།

ངས་ཁྱེད་ལ་རྟེན་འབྲེལ་ཞུ་དོན་ནི།

ཁྱེད་ཀྱིས་མུན་པ་དང་འཐབ་ནས་ངེད་སློབ་བུ་ཚོའི་འགྲོ་འདུག་བསམ་པས་ཡིན་ལ།

ཁྱེད་ཀྱིས་སྐར་ཆེན་དང་འགྲོགས་ནས་ངེད་སློབ་མ་ཚོའི་དཔེ་ཀློག་སྲུང་པས་ཡིན།   

ཉིན་མོའི་ཟས་བཅགས་ནས་ང་ཚོ་སེམས་ཀྱིས་བསྐྱངས་པས་ཡིན་ལ།

མཚན་མོའི་ཟས་བརྗེད་དེ་ང་ཚོ་མིག་གིས་འཚོས་པས་ཀྱང་ཡིན།

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།


མོ།

ཁྱེད་རང་འདི་ལྟར་དུངས་ཞེན་གྱི་དབང་གིས་ལོ་ཟླས་མཐའ་ལ་དེད་ཀྱང་།

ཁྱེད་རང་འདི་ལྟར་གཞན་ཕན་གྱི་སེམས་པས་དབུ་ལ་སེ་མདའ་བབས་ཀྱང་།

ལོ་ཟླའི་ལྟེབས་ཁུག་རེ་རེར་དུས་ཀྱི་མི་ཁས་མི་ཚུགས་པའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མཁན་དེ་ཁྱེད་ཡིན་ལ།

བརྩེ་བའི་བྱམས་པ་ཆེན་པོར་ལམ་གྱི་རྡོག་པས་མི་གནོན་པའི་སེམས་ཀྱི་མཁའ་དབྱིངས་བསྐྲུན་མཁན་དེ་ཁྱེད་ཡིན།

ཁྱེད་ཡིན་པའི་ངོ་སོར་དཔའ་རྟགས་མེད་ལ་རྒྱབ་སྐྱོར་མེད་ན་ཡང་།

ཁྱེད་ཀྱིས་འབད་པ་སྟོང་གི་གོ་ཁྲབ་གྱོན་ནས་མི་གཤིས་ཀྱི་གཉོམ་སོ་དག་གཅེས་སྐྱོང་བྱས་ལ།

ཁྱེད་ཀྱིས་བརྩོན་པ་ཁྲི་ཕྲག་གདོང་གིས་བསུས་ནས་ན་ཆུང་གི་མྱུ་གུ་དག་ལག་པས་གསོས་ཡོད།

དུས་དེ་དག་ལ།  ཁྱེད་ལ་རྟེན་འབྲེལ་དང་བཀའ་དྲིན་ཞུ་མཁན་མེད་ཀྱང་།    

ཁྱེད་ལ་ཁ་བཏགས་དང་མཆོད་ཆང་འདེགས་མཁན་མེད་ཀྱང་། 

ཁེར་རྐྱང་གི་ཁྱེད་ཀྱི་སྤོབས་པར་རི་རབ་ཀྱིས་མགོ་བོ་སྒུར་ཅིང་།

ཡིད་འོང་གི་ཁྱེད་ཀྱི་བྱམས་པར་ཆུ་ཆེན་གྱིས་མཆོད་པ་ཕུལ་ཡོད།

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།


ཕོ།

ཁྱེད་ཀྱིས་སློབ་ཁང་ཟེར་བའི་དྭངས་གཙང་གི་ཁོར་ཡུག་ཅིག་སྲུངས་ཤིང་།

ཁྱེད་ཀྱིས་སློབ་མ་ཟེར་བའི་ན་ཆུང་གི་མྱུ་གུ་དག་གཉོར་གྱིན།

གོ་ས་ཆེན་པོ་ཞིག་ལ་ཐུགས་སེམས་མ་འཁོར་ལ།

རྒྱུ་ནོར་མང་པོ་ཞིག་ལ་ཞེ་རྩ་མ་གནག་པར།

ཁྱེད་ཀྱིས་སློབ་གསོ་ཟེར་བ་ཞིག་ལ་མི་ཚེ་ཕུལ་ཅིང་།

ཁྱེད་ཀྱིས་མི་རིགས་ཟེར་བ་ཞིག་ལ་ལང་ཚོ་བསྟིམས་ཡོད།


ཕོ།

དགེ་རྒན་ལགས།

ཁྱེད་ཀྱི་མིང་བྱང་ལ་གཡོ་ཟོལ་མེད།

ཁྱེད་ཀྱི་མིང་བྱང་ལ་ཕྱོགས་རིས་མེད།

ཁྱེད་ཀྱི་མིང་བྱང་ལ་ནག་ནོག་མེད།

ཁྱེད་ཀྱི་མིང་བྱང་ལ་མཐོ་དམའ་མེད།

ཁྱེད་ཀྱི་མིང་བྱང་གིས་བཟོས་པའི་ལོ་རབས་ཤིག་གི་ངོ་གདོང་།

དུས་རབས་ཀྱིས་བརྗེད་མི་སྲིད།

ལོ་རྒྱུས་ཀྱིས་བརྗེད་མི་སྲིད།

དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།


ཕོ་མོ།

ཉི་མ་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།

ཟླ་བ་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།

སྐར་ཚོགས་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013