11 ཟླ09པ།

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ།

ཡོང་ཁུངས།   རོལ་མོ་བ།     སྤེལ་དུས།  2018-09-11 14:42:55     

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ། 

                        གྱེར་ཚིག    སྐྱ་བོ་དཔེ་ཁུར།

                        གྱེར་འདོན་པ།   རོལ་མོ་བ། 

                      _____ དགེ་རྒན་དུས་ཆེན་ལ་ཕུལ་བ།  

                              1

དགེ་རྒན་ནི་སློབ་མའི་མདུན་གྱི་འཁྲབ་སྟོན་པ་དེ་ཡིན་ནམ།

དགེ་རྒན་ནི་སློབ་ཁང་ནང་གི་དབང་འཛིན་པ་དེ་ཡིན་ནམ།

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ། 

                              2

དགེ་རྒན་ནི་བླང་དོར་འབྱེད་པའི་ཤེས་རབ་ཅན་དེ་ཡིན་ནམ།

དགེ་རྒན་ནི་སློབ་གསོར་མཁས་པའི་ཐབས་ལམ་ཅན་དེ་ཡིན་ནམ།

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ།

                              3

ཨ་ཕས་བཤད་ན་དགེ་རྒན་ནི་མི་ཡུལ་གྱི་ལྷ་རེད་ཟེར།

ཨ་མས་བཤད་ན་དགེ་རྒན་ནི་འཇིག་རྟེན་གྱི་འདྲེ་རེད་ཟེར།

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ།

                              4

དགེ་རྒན་ལ་བཟང་ངན་ཡོད་དམ།

དགེ་རྒན་ལ་མཁས་བླུན་ཡོད་དམ།

དོན་དམ་པར་དགེ་རྒན་ནི་ཅི་ཞིག་ཡིན་ནམ། 

                               5

ང་རང་དགེ་རྒན་ཞིག་ཡིན་ལ། 

ངས་དགེ་རྒན་ཚོར་འདི་འདྲའི་དྲི་རྟགས་མང་པོ་ཞིག་བཀོད་དོན།

དགེ་རྒན་ལ་བཟང་ངན་ཡོད་པས་ཡིན་ལ།

དགེ་རྒན་ལ་མཁས་བླུན་ཡོད་པས་ཡིན།

                              6

དགེ་རྒན་ནི་བླང་དོར་འབྱེད་པའི་ཤེས་རབ་ཅན་དང་།

སློབ་གསོར་མཁས་པའི་ཐབས་ལམ་ཅན་དེ་ཡིན་དགོས་པས་ཡིན།

དགེ་རྒན་ནི་སློབ་མར་བྱམས་པའི་སྙིང་རྗེ་ཅན་དང་།

བྱ་བར་འབད་པའི་ངལ་རྩོལ་ཅན་དེ་ཡིན་དགོས་པས་ཡིན།

                              7

དགེ་རྒན་ནི་རིགས་ཀྱི་འདུན་མ་ལ་བསམ་བློ་གཏོང་མཁན་ཞིག་དང་།

དཔེ་ཀློག་ལ་དགའ་བའི་མི་བུ་འཇོན་ཐང་ཅན་ཞིག་ཡིན་དགོས་པས་ཡིན།

དགེ་རྒན་ནི་ཕྱོགས་ཡོངས་ནས་སློབ་མའི་དམིགས་དཔེར་འཕེར་བ་ཞིག་དང་།    

དུས་ཚོད་དམ་འཛིན་ཐུབ་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་དགོས་པས་ཡིན།

                              8

མདོར་ན། དགེ་རྒན་ནི་འཇིག་རྟེན་གྱི་ལྷ་ཡིན་དགོས་པ་ལས་འདྲེ་ཡིན་མི་རུང་།

མདོར་ན། དགེ་རྒན་ནི་བཟང་བོ་ཡིན་དགོས་པ་ལས་ངན་པ་ཡིན་མི་རུང་། 

མདོར་ན། དགེ་རྒན་ནི་མཁས་པ་ཡིན་དགོས་པ་ལས་བླུན་པོ་ཡིན་མི་རུང་།

མདོར་ན། དགེ་རྒན་ནི་སྣེ་ཁྲིད་པ་ཡིན་དགོས་པ་ལས་ཞབས་འདྲེན་ཡིན་མི་རུང་།

          9 . 10 ཉིན།  རྨ་ཆེན་གངས་འདབས་ནས་བྲིས། 

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013